2013年5月13日星期一

སྤྱི་དམངས་ལ་མེ་མདའ་སྤྲོད་པ་ནི་དམངས་གཙོའི་རྟགས་མཚན་ནོ།།

སྤྱི་དམངས་ལ་མེ་མདའ་སྤྲོད་པ་ནི་དམངས་གཙོའི་རྟགས་མཚན་ནོ།།
སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ནང་དུ་ཨ་མེ་རི་ཁ་ནས་མེ་མདའི་དོན་རྐྱེན་ཅིག་བྱུང་བར་འཛམ་གླིང་གི་མི་མང་པོ་ཞིག་ལ་རྨོངས་འཐོམས་པར་བཟོས་སོང་། སྤྱིར་བཏང་དུ་ཨ་རི་ནས་ཅི་བྱུང་བ་ཀྲུང་གོ་བས་ཐོག་མའི་དུས་ཚོད་ནང་དུ་རྟོག་བྱུང་བ་ནི་ཧ་ལས་དགོས་པའི་གནས་ཤིག་རེད་ལ། ཀྲུང་གོ་ནས་མི་ཤིའི་དོན་རྐྱེན་ཇི་འདྲ་བྱུང་ཡང་ཨ་རི་བས་ཡེ་ནས་མི་ཤེས་པ་ཡང་ཧ་ལས་དགོས་པའི་ལས་ཤིག་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཨ་རི་ལ་བསྡོམས་པའི་མི་གྲངས་དུང་ཕྱིར་གསུམ་ཡོད་ལ། དེའི་ནང་གི་དུང་ཕྱུར་གཉིས་ལ་མེ་མདའ་ཡོད་པར་བཤད། ཕལ་ཆེར་ཨ་རིའི་སྤྱི་དམངས་ཤིག་ཡིན་ན་མེ་མདའ་བཀོལ་སྤྱོད་བྱེད་པའི་ཁེ་དབང་ཡོད་པ་རེད། ང་ཚོས་འདི་ལ་ཁེ་དབང་ཞེས་ལྟ། ཇི་ལྟར་ཞེ་ན། མི་སྒེར་ལ་རང་ཉིད་སྲུང་སྐྱོབ་བྱེད་པའི་ཁེ་ཕན་ཡོད་ཅིང་། རང་ཉིད་སྲུང་སྐྱོབ་བྱེད་པའི་དབང་ཆའང་ཡོད་པ་རེད། ཁེ་ཕན་ག་རེ་ཡོད་ཅེ་ན། དཔེར་ན་ཁྱིམ་དུད་ཅིག་ལ་ནོར་འཁྲུལ་དང་ཁྲིམས་འགལ་གྱི་ཉེས་པ་ཅི་ཡང་མེད་པ་ཞིག་ཡིན་ཚེ། གློ་བུར་དུ་ཁོར་ཚང་ལ་ཇག་རྐུན་གྱི་འཇབ་རྒོལ་ཐེབས་ཚེ་རང་ཉིད་ཀྱི་རྒྱུ་ནོར་ལ་གནོད་འཚེ་མི་ཡོང་བའི་ཕན་པ་ཡོད། ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན་སྤྱི་དམངས་ཀྱི་ལག་ཏུ་མེ་མདའ་ཡོད་ཚེ་ཁོ་ལ་སྤྱིར་བཏང་གི་འོག་ཏུ་གནོད་པ་ཐེབས་མི་སྲིད་ལ་ཁེ་དང་ཕན་པ་ཡོད། ཨ་རིའི་སྤྱི་དམངས་ནི་རྒྱ་ནག་གི་སྤྱི་དམངས་དང་བསྡུར་ཐབས་མེད་ན་ཚོད་ཚོད་ལ་མེ་མདས་མི་ཞིག་གསོད་མི་སྲིད་པ་ཡོད།
ཡང་སྤྱི་དམངས་ལ་མེ་མདའ་སྤྲོད་པ་ཞེས་པའི་ཚིག་དུམ་འདི་ཡང་ཚོད་ཚོད་ལ་བཤད་རུང་བའི་སྐད་ཆ་ཞིག་མ་ཡིན་ཏེ། གལ་སྲིད། རྒྱ་ནག་གི་སྤྱི་དམངས་ལ་མེ་མདའ་སྤྲད་ཚེ། ང་ཅག་གིས་འདི་ལྟར་ཚོད་དཔག་བྱས་ཆོག རྒྱ་ནག་ལ་མི་གྲངས་དུང་ཕྱུར་བཅུ་ཁ་ལྷག་ཡོད་ན་མི་གྲངས་དུང་ཕྱུར་བཅུ་ཡི་ལག་ཏུ་མེ་མདའ་ཐོགས་ཚེ་སའི་གོ་ལར་དུས་གཏན་འགད་རྫས་ཤིག་གནན་པ་མ་རེད་དམ། ངས་འདི་ནས་ཚོད་དཔག་བག་ཙམ་བགྱིས་ན་ཡང་ཧ་ལས་དགོས་པའི་མཇུག་འབྲས་ཤིག་འབྱུང་སྲིད་པས་མི་རུང་། སྤྱི་དམངས་ལ་སྤྱི་དམངས་ཀྱི་འོས་འགན་ཞིག་ཡོད་ལ་སྤྱི་དམངས་ལ་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་དགོས། འདི་ནི་ད་གཟོད་དམངས་གཙོའི་རྒྱལ་ཁབ་ནང་སྤྱི་དམངས་ཀྱིས་མེ་མདའ་བཟུང་ཆོག་པའི་མཚོན་རྟགས་ཡིན། ཐོབ་ཐང་དང་འདྲ་མཉམ། རང་དབང་དང་བདེ་སྐྱིད་མེད་སའི་རྒྱལ་ཁབ་ཅིག་གིས་ཐ་ན་ཤ་བརྟལ་བྱེད་ཀྱི་གྲི་སྟུག་ཅིག་ཀྱང་བཟུང་ཆོག་པའི་ཁེ་དབང་མེད། འདིའི་སྔོན་མདོ་སྨད་རྨ་ཆུ་སོགས་སུ་མཚོན་ཆ་བསྲེགས་པའི་ལས་འགུལ་ཅིག་སྤེལ་བ་གླག་གིས་དེས་ན་ཤ་གཞོག་བྱེད་ཀྱི་གྲི་ཡང་འཛིན་མི་རུང་བར་འཐད་ཅེས་པར་རང་གནས་ལུགས་ཡོད་དེ།  མི་ནི་དགའ་སྐྱོ་ཆགས་སྡང་གི་སྲོག་ཆགས་ཤིག་ཡིན་པས། མི་ལ་ཞེ་སྡང་དང་ཁོང་ཁྲོ་སྦར་རྒྱུ་ཡོད་པར་ཐལ། བོད་མིའི་སྤྱི་འགྲོས་སྟེ་གཏམ་དཔེའི་ནང་དུ་ཡང་ང་ཁྲོས་ན་གཤིན་རྗེ་ཆོས་རྒྱལ་ཡིན། ང་མ་ཁྲོས་འཕགས་མ་སྒྲོལ་མ་ཡིན་ཅེས་པས་མཚོན་པའི་ཕྱིར། གཤིན་རྗེ་ནི་མི་གསོད་པའི་རྒྱལ་བོ་ཡིན་ན། ཤ་གཞོག་བྱེད་ཀྱི་གྲི་མ་དགོས་རྐུ་སྟགས་ཤིག་གིས་ཀྱང་མི་བསད་པའི་བཤད་རབས་ཡིན། དེས་ན་མི་ལ་འཚེ་བ་བྱེད་ཐུབ་པའི་ལག་ཆ་ཅི་རིགས་འཛིན་རུང་བ་ཡང་ཐལ། དེ་དེའི་ཕྱིར་རོ།། འདི་ནི་སློབ་གསོར་ལན་པས་མཇུག་འབྲས་མ་གཏོགས་གང་ལ་ཡང་ལན་སོང་ནི་མ་རེད། རྒྱའི་མཁས་པ་ཆེན་ལཱེ་ཆོན་ལགས་ཀྱི་དེབགསོན་སྡོད་པའི་རྒྱུ་མཚན།ཅེས་པའི་ནང་དུ། རྒྱའི་སློབ་གསོའི་འབོལ་རྩོམ་འབྲི་མཁན་ཝང་ཏོན་ཧྲིན་གྱི་སྐད་ཆ་མང་པོ་ཞིག་དྲངས་ཡོད།དེའི་ནང་གི་སྐད་ཆ་ཞིག་འདིར་བཤམས་ན་མཇུག་འབྲས་ཡོད་ཚད་སློབ་གསོར་ཐུག་ཡོད་ཅེས་པའི་ལུང་འདི་ཡིས་ང་ཚོར་བསྟན་ཏེ།སློབ་གསོ་ཕམ་པའི་རྒྱལ་ཁབ་ཅིག་ཏུ་རང་དབང་དང་དམངས་གཙོ་མེད། བདེ་སྐྱིད་ཀྱི་འཚོ་བ་ཞིག་ཀྱང་སྐན་རེ་ན་འབྱུང་རྩ་སློབ་གསོ་ཐག་གཅོད་ལེགས་པོ་ཞིག་བགྱིས་པའི་ལོགས་སུ་ད་གཟོད་དོན་གཞན་བསྒྲུབ་ན་འོད་སྟོང་ལྡན།
སྐུ་ཞབས་ཞོགས་དུང་གི་དེབ་དོགས་སློབ་སྟིང་སྟོབས་ལས་འདི་འདྲའི་གཏམ་རྒྱུད་ཅིག་དྲངས་ཡོད།ལྕམ་མོ་ཞིག་གིས་རང་ཉིད་ཀྱི་བྱིས་པ་འཇོན་ཐང་ཅན་ཏུ་སྐྱེད་སྲིང་བྱ་འདོད་ཀྱང་སློབ་གསོ་གཏོང་བའི་དུས་ཚོད་མི་ཤེས་སྟབས། ཏེར་ཝན་ལགས་སུ་བློ་འདྲི་བར་བསྐྱོད། ཏེར་ཝན་ལགས་ནས་ལྕམ་མོ་དེར། ཁྱོད་ཀྱི་བྱིས་པ་ལོ་ག་ཚོད་རེད་དམ་ཞེས་དྲིས་པར། ལྕམ་མོ་ལགས་ནས་ལོ་གཉིས་དང་ཕྱེད་ཀ་ཡིན་ཅེས་ལན་བཏབས། དེའི་མུར། ཏེར་ཝན་ལགས་ཀྱིས་དབུགས་རིང་ཞིག་ཕྱུངས་ནས་ཁྱོད་ཀྱི་བྱིས་པར་ལོ་གཉིས་དང་ཕྱེད་ཀའི་སློབ་གསོ་གཏོང་རྒྱུའི་འཕྱིས་འདུག་ཅེས་ལན་བཏབས་པ་རེད། འདི་ཡིས་ཀྱང་ང་ཅག་གིས་ངང་ངམ་ཤུགས་ཀྱི་རྟོག་སླ་བ་ནི། མི་ཞིག་སྐྱེས་མ་ཐག་ནས་སློབ་གསོ་གཏོང་དགོས་པ་གསལ་ཐག་ཆོད་པ་རེད། འོན་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ། ང་ཚོ་བོད་པའི་གཞི་རིམ་དམངས་ཚོགས་ཀྱི་ཁྲོད་དུ་སྡོང་བོ་ཞིག་ཡིན་ན་ཆུང་དུས་ནས་བཏུལ་དགོས་པ་དང་མི་ཞིག་ཡིན་ན་སྐྱེས་མ་ཐག་ནས་སློབ་གསོ་གཏོང་དགོས་པའི་འདུ་ཤེས་མི་འདུག།
སྤྱི་དམངས་ཀྱིས་མེ་མདའ་གཟུང་ཆོག་པ་དང་མི་ཆོག་པའི་གནས་ཚུལ་གྱི་སྟེང་ནས་ཀྱང་མི་འདྲ་བ་ཡོད་དེ། འདི་ལ་རང་འདོད་འདོད་དང་ཚོད་ཚོད་ལ་བཟུང་ཆོག་པའི་ལས་ཀ་ཞིག་ག་ལ་ཡིན། ཡོ་རབ་གླིང་ལ་དུས་རབས་བཅུ་བཞི་བའི་ནང་དུ་ནས་བཟུང་། བློ་འབྱེད་ལས་འགུལ་ཅེས་པའི་རླབས་ཆེན་གྱི་བསམ་བློ་བ་མང་པོ་ཞིག་འཁྲུངས་པ་དེ་གནམ་བདག་གིས་ཡོ་རབ་གླིང་ལ་སྤྲད་པའི་འཛད་མེད་ཀྱི་ལེགས་སྐྱེས་ཤིག་ཡིན་ཏེ། བློ་འབྱེད་པ་དང་བསམ་བློ་གསར་བ་ཞེས་གླེང་དུས་ངེས་པར་དུ་མི་ཤི་རྟ་འགྱེལ་གྱི་མི་གཤིས་ལས་བྲལ་བའི་རྩུབ་སྦྱོར་ངན་ངོན་གྱི་རིགས་ལ་གོ་ན་ནི་ངེས་པར་འཁྲུལ་བའི་གཞི་ཁོ་ནས་མ་འདས། འདི་ལྟར་གོ་བ་ལེན་པའི་སྲོལ་རྒྱུན་གྱི་མཁས་པ་མི་སྣ་དག་ལ་ཡང་ངེས་ཤེས་འདྲོངས་དགོས་ས་ཞིག་ཡོད་པ་ནི་བསམ་བློ་གསར་བས་ཀྱང་མི་ཡུལ་ལ་བདེ་སྐྱིད་དང་རང་དབང་། འདྲ་མཉམ་གྱི་བདེ་མོ་ཐང་བསྐྲུན་པ་ལས་ཅི་མིན་ན། བདེ་སྐྱིད་འགག་པའི་མི་ཞིག་འཇིག་རྟེན་ལ་ཧ་ལམ་ཡོད་སྲིད་ཀྱང་མེད་པར་འདོད། གལ་སྲིད། ཡོད་ན་ནི་ངེས་པར་ཕས་རྒོལ་བཅའ་ཡུལ་ལས་འགོངས་མི་སྲིད་པ་དང་། མིའི་རིགས་སྤྱིའི་གཏན་དགྲ་ཡང་དེང་རབས་ཀྱི་འཇིག་སྐུལ་རིང་ལུགས་པ་ཡིན།
ཡོ་རབ་ལུང་པ་ལ་སྔ་མོ་ནས་མིའི་བདེ་སྐྱིད་སྙེགས་པའི་བསམ་བློ་རླབས་པོ་ཆེ་ཞིག་ཆགས་འདུག འདི་ཡང་རིག་གནས་དང་བསམ་པའི་འཁྱེར་སོ།    རིགས་སོ་སོའི་འདུ་ཤེས་འཛིན་སྟངས་སོགས་ཀྱིས་ཁ་ལོ་བསྒྱུར་གྱི་ན་ཁོང་ཅག་ལ་ཅི་བས་ཀྱང་བདེ་བ་དང་རང་དབང་ཞིག་གི་མཁའ་དབུགས་ངམ་ངམ་ཤུགས་ཀྱིས་འཁོར་ཡོད་པས་ན། དེ་ལྟ་བུའི་གནས་ནི་ངེས་པར་མི་ཡུལ་གྱི་དག་ཞིང་དང་བདེ་བ་ཅན་ཡིན་ཅེས་བསྟོད་ན་འུད་ཅིག་ཏུ་གང་ནས་ཀྱང་འགྲོ་ཡི་ཡོད་པ་མ་རེད། དེང་སྐབས་རྒྱ་ནག་གི་རྒྱུ་འབྱོར་ཅན་མོད་པོ་ཞིག་ཀྱང་ཨ་རིར་གནས་སྤོ་བ་མཐོང་ན་དངོས་ཡོད་ཡིན་འདུག སྤྱིར་བཏང་དུ། བྱིས་པ་ལོ་ལྔ་ཅན་ཅིག་ལ་ཨ་རི་སྐྱིད་དམ་ཀྲུང་གོ་སྐྱིད་ཅེས་འདྲི་ཚེ་ཚམ་ཚོམ་མེད་པར་ཨ་རི་སྐྱིད་པའི་ལན་འདེབས་པ་དེ་བཞིན་རེད། འོ་ན། ཨ་རི་སྐྱིད་པའི་སྐྱིད་ལུགས་དེ་ག་རེ་འདུག་གམ་ཞེས་འདྲི་ཚེ། མུ་ཏོ་བ་ཞིག་གིས་གང་ལ་སོང་ན་ཁ་ལ་བཟའ་རྒྱུ་ཡོད་ཅེས་ལན་འདེབས་ཀྱང་། སྔོ་བསངས་ཀྱི་ནམ་མཁའ་མཐོང་མ་མྱོང་བ་ཞིག་གིས་ནམ་མཁའ་སྔོ་ཞིང་མཁའ་དབུགས་གཙང་ཞེས་ལན་འདེབས། རིག་གནས་མཐོང་རྒྱར་མོས་པ་ཞིག་གིས་གནས་དེ་ན་སྲུང་ལམ་དུ་དཔེ་ཆ་བལྟས་ཏེ་བསྐྱོད་ན་འཕྱ་སྨོད་བྱེད་མཁན་མེད་ཅེས་ལན་འདེབས་ཀྱང་སྲིད།
འདི་ཡང་གནམ་ནས་གློ་བུར་དུ་མར་ལྷུང་ཡོང་ཏེ་དཀོན་མཆོག་གིས་ཡོ་རབ་བ་དང་ཤར་ཕྱོགས་པ་ཞེས་ཕྱོགས་རིས་བཟུང་བ་ཞིག་གུད་དུ་མིན།འདི་ནི་བློ་འབྱེད་ལས་འགུལ་ཅེས་པའི་བདེ་བ་ཅན་དུ་མི་ཡུལ་གྱི་སྡུག་བསྔལ་དངོས་མ་ལས་སྐྱོབ་མཁན་སྔོན་བྱོན་མཁས་པ་དང་སྙན་ངག་པ། བསམ་བློ་བ་གནམ་གྱི་ས་བཀབས་པ་ལྟ་བུའི་མི་བུ་ཚོས་བྱས་རྗེས་ཡིན་ནོ།།

没有评论:

发表评论